Dzongkha Essay Sample
[Sample for BHSEC (རྩོད་གླེང་འབྲི་རྩོམ)] རྗོང་ཁ་དང་པ།
དྲི་བ།
འོག་གི་དོན་ཚན་ཡོད་མི་ལས་ གཅིག་གདམ་ཁ་རྐྱབ་སྟེ་ དགག་སྒྲུབ་ཀྱི་ཐོག་ལས་ རྩོད་གླེང་འབྲི་རྩོམ་ ཚིག་འབྲུ་ ༤༠༠--༤༥༠ གི་ནང་འཁོད་འབད་མི་ ཅིག་བྲིས།
ཀ༽ འབྲུག་གཞུང་གིས་ ད་རེས་ནངས་པ་ རྗས་ངན་ཏམ་ཁུའི་ རིགས་ཚུ་ ནང་འདྲེན་དང་བཙོང་ཆོག་པའི་ ལམ་ལུགས་བཟོ་མི་ འདི་ལས་བརྟེན་ རྒྱལ་ཁབ་ནང་ ནད་ཡམས་ཀོ་བིཊ་ ༡༩ ཁྱབ་སྤེལ་དང་བཀག་འཛིན་ འབད་ཐབས་ལུ་ ཐབས་ཤེས་ལེགས་ཤོམ་ཅིག་ཨིན།
༼འབྲི་ཐངས་ཀྱི་ དཔེར་བརྗོད།།༽
༉ རྒྱལ་ཀུན་ཐུགས་རྗེ་གཅིག་འདུས་མཐོ་སྟོབས་ཅན།།
མ་རུང་འདྲེ་སྲིན་ཐམས་ཅན་དབང་དུ་འདུས།།
ད་ལྟ་སྲིན་ཡུལ་རྒྱལ་པོའི་ཚུལ་མཛད་པ།།
ཨོ་རྒྱན་པད་འབྱུང་ཁྱེད་ལ་ལན་བརྒྱར་བསྔགས།། ཞེས་ཨོ་རྒྱན་པད་མ་འབྱུང་གནས་ལུ་ མཆོད་པའི་རྗས་གཏོར་ཏེ་ ད་རེས་ང་གིས་ འབྲུག་གཞུང་གིས་ ད་རེས་ནངས་པ་རྗས་ངན་ཏམ་ཁུའི་ རིགས་ཚུ་ ནང་འདྲེན་དང་བཙོང་ཆོག་པའི་ ལམ་ལུགས་བཟོ་མི་འདི་ལས་བརྟེན་ རྒྱལ་ཁབ་ནང་ ནད་ཡམས་ཀོ་བིཊ་ ༡༩ ཁྱབ་སྤེལ་དང་བཀག་འཛིན་ འབད་ཐབས་ལུ་ ཐབས་ཤེས་ལེགས་ཤོམ་ཅིག་ཨིན་ ཟེར་བའི་དོན་ཚན་ཐོག་ལུ་ རྩོད་གླེང་འབྲི་རྩོམ་ཚིག་འབྲུ་ ༤༥༠ དེ་ཅིག་འབྲི་ནི་ཨིན་ལགས།
ནད་ཡམས་ཀོ་བིཊ་ ༡༩ འདི་གནམ་ལོ་ ༢༠༢༠ ལུ་རྒྱ་ནག་རྒྱལ་ཁབ་ ནང་ལས་དར་ཁྱབ་འབྱུང་། དེ་ལས་ རྒྱ་གར་དང་གཞན་རྒྱལ་ཁབ་ཚུ་ནང་ཡང་ དར་ཁྱབ་འགྱོ་ཡོདཔ་ལས་ ང་བཅས་རའི་འབྲུག་རྒྱལ་ཁབ་ནང་ ལྷོད་ཡོདཔ་ཨིན་པས། ནད་ཡམས་ལས་བརྟེན་ ཚོང་འབྲེལ་དང་འགྲོ་འགྲུལ་འབད་ནི། ལཱ་གཡོག་འཐོབ་ལམ་ ལ་སོགས་པ་ཚུ་ལུ་ རྐྱེན་བར་ཆད་སྦོམ་རང་ འབྱུང་དོ་ཡོདཔ་ཨིན། འདི་དང་འདྲཝ་འབད་ འབྲུག་གཞུང་གིས་ རྗས་ངན་ཏམ་ཁའི་རིགས་ཚུ་ ནང་འདྲེན་དང་བཙོང་ཆོག་པའི་ ལམ་ལུགས་བརྟེན་མི་འདི་ གནས་སྐབས་བཟང་པོ་ ཅིག་འདུག་ཟེར་ཞུ་ནི་ཨིན་ལགས།
དེ་ཡང་ འབྲུག་གཞུང་གིས་ རྗས་ངན་ཏམ་ཁུ་ཚུ་ ནང་འདྲེན་འབད་དེ་ བཙོང་ཆོག་པའི་ ལམ་ལུགས་ལས་བརྟེན་ ནད་ཡམས་ཀོ་བིཊ་ ༡༩ བཀག་ནི་ལུ་ ཕན་པ་སྦོམ་འབད་ར་ འདུག། ག་ཅི་འབད་ཟེར་བ་ཅིན་ རྗས་ངན་ཏམ་ཁུ་ ལག་ལེན་འཐབ་མི་ཚུ་ རྒྱ་གར་རྒྱལ་ཁབ་ནང་ འགྱོ་མ་དགོཔ་པར་ འབྲུག་གཞུང་གིས་ར་ ནང་ན་འབག་སྟེ་ བཙོང་ནི་འདི་གིས་ རྗས་ངན་ཏམ་ཁུ་འཐོབ་ནི་ལུ་ འཇམ་ཏོག་ཏོ་ འགྱོ་དོ་ཡོདཔ་ཨིན་པས། ང་བཅས་རའི་འབྲུག་གཞུང་གིས་ རྗས་ངན་ཏམ་ཁུ་ཚུ་ རྒྱ་གར་རྒྱལ་ཁབ་ལས་ ནང་འདྲེན་འབདཝ་ད་ ནད་ཡམས་ཀོ་བིཊ་ ༡༩ ལུ་འབད་དགོ་པའི་ ལུགས་སྲོལ་ཚུ་ག་ར་འགྲུབ་ཏེ་ བཙོང་བའི་སྐབས་ མི་སེར་ག་ལུ་ཡང་ གནད་རྐྱེན་འདི་མ་འཐོབ་འབད་ བཟོ་དོ་ཡོདཔ་ ཨིན་པས། འདི་བཟུམ་མའི་ལུགས་སྲོལ་ ཡོད་པའི་བསྒང་ལས་ ང་བཅས་རའི་འབྲུག་རྒྱལ་ཁབ་ནང་ ནད་ཡམས་ཀོ་བིཊ་ ༡༩ འཐོབ་ནི་ལས་ བཀག་འཛིན་འབད་ཐབས་ལུ་ ཐབས་ལམ་ཆེན་པོ་ཅིག་ ཨིན་པས། དེ་ལས་ ང་བཅས་རའི་འབྲུག་ཡུལ་གཞུང་གིས་ འདི་བཟུམ་མའི་ རྗས་ངན་ཏམ་ཁུ་ ནང་འདྲེན་འབད་དེ་ བཙོང་ཆོག་པའི་ གནས་སྐབས་ཀྱི་ མི་ཚུ་གིས་ལཱ་ངན་པ་འབད་ནི་དང་ འབྲུག་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ལུ་ གནོདཔ་བཀལ་ནི་བཞག་ནུག། ག་ཅི་འབད་ཟེར་བ་ཅིན་ རྗས་ངན་ཏམ་ཁུ་ཚུ་ བཙོང་མ་ཆོག་པ་ཅིན་ འཐུང་མི་ཚུ་གིས་ རྒྱ་གར་གྱི་མི་དང་གཅིག་ཁར་ཁ་གསལ་འབད། དེ་ལས་ ཕྱི་རུ་ས་མཚམས་ཀྱི་ སྦོ་ལོགས་ཁར་འགྱོ་ཏེ་ རྗས་ངན་ཏམ་ཁུ་ཚུ་ ནང་འདྲེན་འབད་དེ་བཙོང་ ཡོདཔ་ཨིན་མས། དེ་བཞིན་གྱི་བྱ་བ་ངན་པ་གིས་ ནད་ཡམས་འདི་ འབྲུག་ནང་ མེ་འབག་དོ་བཟུམ་ དར་ཁྱབ་བཟོ་ནི་གི་ ཉེན་ཁ་སྦོམ་འདུག། རྒྱུ་མཚན་འདི་ལས་བརྟེན་ དེ་བཟུམ་མའི་ལཱ་ཚུ་ལུ་ སྔོན་འགོག་འབད་ནི་ལུ་ ཆ་རོགས་འབདཝ་ཨིན།
དེ་མ་ཚད་ ང་བཅས་རའི་འབྲུག་རྒྱལ་ཁབ་ནང་ ཏམ་ཁུ་འཐུང་མི་གྱངས་ཁ་ མང་རབས་ཡོདཔ་དང་ རྗས་ངན་ཏམ་ཁུ་ཚུ་ བཙོང་ཆོག་པའི་བཀའ་རྒྱ་ གནང་ནི་འདི་ལས་བརྟེན་ ད་རེས་ཚོང་ཁང་ཡོད་ཚད་ནང་ ཡོད་ནི་འདི་གིས་ མི་ཚུ་ཏམ་ཁུ་ཉོ་དགོཔ་ད་ས་གནས་གཅིག་གུ་ མ་འཛོམས་པར་ རང་ག་ཏེ་དགའ་དགའཝ་ ཉོ་ནི་ཨིན་ན་ དབང་ཚད་རང་གི་ལགཔ་པར་འདུག། ག་ཅི་འབད་ཟེར་བ་ཅིན་ ནད་ཡམས་ཀོ་བིཊ་ ༡༩ གིས་ལུགས་སྲོལ་དང་ འཁྲིལ་སྟེ་འགྱོ་བ་ཅིན་ འདི་བཟུམ་མའི་དུས་སྐབས་ལུ་ ལཱ་མེད་པར་ མི་ལེ་ཤ་དང་གཅིག་ཁར་འཛོམས་ནི་ མི་འོང་ཟེར་ཡོདཔ་ཨིན་མས། ཏམ་ཁུ་ཉོ་བའི་སྐབས་ མི་འཛོམས་ས་འདི་ མར་ཕབ་ཡོད་པ་ཅིན་ ནད་ཡམས་བཀག་ཚུགས་ནི་ཨིན་མས། དེ་ལས་ གཞུང་གིས་ནང་འདྲེན་འབད་དེ་ རྗས་ངན་ཏམ་ཁུ་ཚུ་ འབྲུག་རྒྱལ་ཁབ་ནང་འབག་འོངམ་ད་ ང་བཅས་རའི་རྒྱལ་ཁབ་ཀྱི་ རྒྱུ་ནོར་ལོངས་སྤྱོད་ཚུ་ ཕར་ རྒྱ་གར་རྒྱལ་ཁབ་ལུ་ བྱིན་དགོཔ་མིན་འདུག། རང་གི་ལོངས་སྤྱོད་འདི་ རང་སོའི་རྒྱལ་ཁབ་ནང་རང་ སྡོད་ནི་ཨིན་པས་ལགས།
གོང་གི་གནད་དོན་ཚུ་ག་ར་ བདེན་པས་ དེ་འབདཝ་ད་ དཔྱེ་གཏམ་ལས་ཡང་ བྱ་གནམ་ཁར་འཕུར་རུང་།། ཆགས་ས་ས་ཁར་ཨིན།། ང་གིས་འབད་བ་ཅིན་ དེ་ཚུ་མ་པ་ལས་རང་ མི་བདེན་པས་ཟེར་ཞུ་ནི་ཨིན་ལགས། ག་ཅི་འབད་ཟེར་བ་ཅིན་ ཏམ་ཁུ་འཐུང་མི་ཚུ་ ས་གནས་ག་ཏེ་ལས་རང་ འཐོབ་ནིའི་ལུ་འཇམ་རུང་། འདི་གིས་ ཧེ་མ་ལས་རང་ མ་འཐུང་ཡོད་མི་ ན་གཞོན་ཚུ་ལུ་ཡང་ མེདཔ་བཏང་དོ་ཡོདཔ་ཨིན། འཇིག་རྟེན་པའི་ དཔྱེ་གཏམ་ལས་ཡང་ དྲག་ཞན་ཁྱི་གིས་ཤེས།། མཐོ་དམའ་ཆུ་གིས་ཤེས།། ཟེར་དོ་བཟུམ་ རྗས་ངན་ཏམ་ཁུ་གི་ གཟུགས་ལུ་གནོད་པ་སྦོམ་འབད་ར་བསྐྱེད་དེ་ ཡོདཔ་ཨིན་ཟེར་ཤེས་རུང་ མི་ཚུ་གིས་ལག་ལེན་ལེ་ཤ་ འཐབ་དོ་ཡོདཔ་ཨིན་པས། རྒྱུ་མཚན་འདི་ལས་བརྟེན་ཏེ་ ད་རིས་ནངས་པ་ མི་ཚུ་ལུ་ ནད་གཞི་ཀེན་སར་འཐོབ་སྟེ་ སྨན་ཁང་ནང་སྨན་བཅོས་ འབད་བར་ ལེ་ཤ་རང་འོང་ས་ ང་བཅས་ཀྱིས་ མཐོང་ཚུགསཔ་ཨིན། འདི་བཟུམ་ ནད་གཞི་ཡོདཔ་ད་ སྨན་བཅོས་འབད་ནི་གི་དོན་ལུ་ ང་བཅས་རའི་འབྲུག་གཞུང་ལུ་ ཟད་འགྲོ་མང་རབས་ཅིག་ བཏང་དགོཔ་འདུག། འདི་དང་འདྲཝ་འབད་ སླབ་སྲོལ་ནང་ལས་ཡང་ སེམས་ཅན་སྟག་གི་རི་མོ་ཕྱི་ལས།། མགུ་ནག་མིའི་རི་མོ་ནང་ལས།། ཡོད་དོ་བཟུམ་ ང་བཅས་རའི་འབྲུག་འདི་ དམ་པའི་ཆོས་འགྲུབ་ཡོད་མི་ རྒྱལ་ཁབ་ཅིག་ཨིནམ་ལས་ མི་མང་རབས་ཚུ་གིས་ རྗས་ངན་ཏམ་ཁུ་ལག་ལེན་འཐབ་ད་ འདི་གིས་ཆོས་སྲུང་ཚུ་ལུ་གནོད་པ་བཀལ་ཏེ་ ད་རིས་ནངས་པ་ ང་བཅས་རའི་རྒྱལ་ཁབ་ནང་ ནམ་ཡང་མ་འབྱུངམ་མི་ རྐྱེན་བར་ཆད་ཚུ་ལེ་ཤ་ར་བྱུང་དོ་ཡོདཔ་ཨིན་མས།
དེ་འབདཝ་ལས་བརྟེན་ ང་བཅས་རའི་སྲིད་གཞུང་གིས་ ད་རིས་ནངས་པ་ རྗས་ངན་ཏམ་ཁུའི་རིགས་ཚུ་ ནང་འདྲེན་དང་བཙོང་ཆོག་པའི་ ལམ་ལུགས་བཟོ་མི་ འདི་ལས་བརྟེན་ཏེ་ ནད་ཡམས་ཀོ་བིཊ་ ༡༩ བཀག་འཐབ་འབད་ནི་ལུ་ ཕན་པ་དང་གྲོགས་རམ་ བརྟེན་པའི་གནས་སྐབས་ གནམ་མེད་ས་མེད་ལེགས་ཤོམ་ཅིག་ ཨིན་པས་ཟེར་མནོ་མས་ལགས། ག་ཅི་འབད་ཟེར་བ་ཅིན་ འདིའི་ལམ་ལུགས་ལུ་ ཞིབ་དཔྱད་འབད་བལྟ་བ་ཅིན་ གནོད་པ་ལས་ཁེ་ཕན་ར་ལེ་ཤ་ཡོདཔ་མ་ཚད་ ག་ནི་བ་ཉེན་ཁ་ཆེ་བའི་ ནད་གཞི་ཚུ་རྒྱལ་ཁབ་ནང་ལུ་ དར་ཁྱབ་སྤེལ་ནི་བ་ལས་ བཀག་འཛིན་འབད་དེ་ འབྲུག་མི་ག་ར་ མི་དབང་མངའ་བདག་རིན་པོ་ཆེའི་ སྐྱབས་འཛིན་གྱིས་ མངའ་འོག་ལུ་ གངས་བར་ནང་གི་ཆུ་འཐུང་།། སྤྲིན་བར་ནང་གི་ཉིམ་གསོ།། ཟེར་དགའ་བའི་གླུ་ལེན་ སྐྱིད་པའི་བྲོ་ཁྲབ་སྟེ་ བདེ་སྐྱིད་ཀྱི་ཉིམ་ ཤར་ནི་ལུ་ཕན་པ་ སྦོམ་རང་ འདུག་ཟེར་ཞུ་ནི་ཨིན།
རྒྱལ་ཡོངས་སྐད་ཡིག་རྫོང་ཁ་གོ་འཕེལ་གྱི།།
རང་ལུགས་ཆོས་དང་རིག་གཞུང་ལམ་སྲོལ་ཀུན།།
འཛིན་སྐྱོང་དཔལ་བས་རྒྱལ་ཁབ་རང་བཙན་གྱི།།
དཔལ་ཡོན་སྲིད་མཐར་བསྒྲེང་བའི་རྒྱུར་རྒྱུར་ཅིག།
Comments
Post a Comment